[466A] ཨཱརྱ་པུཥྤ་ཀཱུ་ཊ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ན་ཀླུའི་རྒྱལ་པོ་མ་དྲོས་ པའི་ཁང་པ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་འཇིག་རྟེན་གྱི་ཁམས་ [466B]དུ་ཚང་བ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། སྐྱེ་བ་ཅིག་གིས་ཐོགས་པ། ས་བཅུ་ལ་གནས་པ་ དེ་མ་ཐག་ཏུ་རྒྱལ་ཚབ་ཏུ་དབང་བསྐུར་བས་དབང་བསྐུར་བ། གོ་ཆ་ཆེན་པོ་བགོས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་ཐེ་ཚོམ་མེད་པ་ཤ་སྟག་དང་ཡང་ཐབས་ཅིག་གོ་དེའི་ཚེ་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེངྒེ་རྣམ་པར་རྩེ་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སེངྒེ་རྣམ་པར་རྩེ་བ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ན་ དེའི་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་བ་དང། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེངྒེ་རྣམ་པར་རྩེ་བ་ལ་ འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ན། དེའི་བསོད་ནམས་ཇི་སྙེད་ [467A]༄༅། །ཅིག་བསྐྱེད་པར་འགྱུར་ཞེས་སེངྒེ་རྣམ་པར་རྩེ་བ་ཁྱོད་དེ་སྐད་མ་ཟེར་ཅིག་དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི། ཚུལ་ཁྲིམས་དཔག་ཏུ་མེད་པ། ཏིང་ ངེ་འཛིན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། རྣམ་པར་གྲོལ་བ་དཔག་ཏུ་མེད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ་སྟེ། སེངྒེ་རྣམ་པར་རྩེ་བ་ གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་ པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་ཤེས་པར་བྱའོ། །སེངྒེ་རྣམ་པར་རྩེ་བ། གང་ལ་ལ་དག་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་།ཡོངས་སུ་མྱ་ངན་ལས་འདས་ ཀྱང་རུང་སྟེ་མཆོད་པ་བྱེད་པ་དེ་དག་ཐམས་ཅད་ནི། འདི་ལྟ་སྟེ་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོའམ། ཐེག་པ་གསུམ་ལས་ཐེག་ པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སེངྒེ་རྣམ་པར་རྩེ་བ། ཡང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མཐོང་ནས་སེམས་དང་བར་གྱུར་ལ། དད་པའི་སེམས་ཀྱིས་རྙེད་པ་དང། ན་བཟའ་དང། ཞལ་ཟས་དང། གཟིམས་ཆ་དང། སྙུན་གྱི་གསོས་སྨན་དང། ཡོ་བྱད་དང་ [467B]མོར་བྱས་ཏེ་མཆོད་ཅིང་རྗེད་ལ་རིམ་གྲོར་བྱས་པ་དང། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་ འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ་བྱས་པའི་རྣམ་པར་སྨིན་པ་ནི། མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ། ཐ་དད་དུ་བྱ་བ་མེད་དོ། །སེངྒེ་རྣམ་ པར་རྩེ་བ། བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ཞིག་གིས་ཉན་ཐོས་དང། རང་སངས་རྒྱས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་དབུལ་བ་ཕུལ་བ་བས་བྱང་ཆུབ་སེམས་དཔའ་གང་རབ་ཏུ་བྱུང་ནས་ཀརྵ་པ་ཎ་གཅིག་ཙམ་དབུལ་བར་ཕུལ་ལ། ཕུལ་ནས་ཀྱང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དགེ་བའི་རྩ་བ་སྔ་མ་དེས་དགེ་བའི་རྩ་བ་ཕྱི་མའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང། འབུམ་གྱི་ ཆ་དང། གྲངས་དང། ཆ་དང། བགྲང་བ་དང། སྒྲུན་པ་དང་རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ་།སེངྒེ་རྣམ་པར་རྩེ་བ། གང་ཞིག་གིས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ། ལོ་བྲྒྱའམ། ལོ་སྟོང་ཡང་རུང་སྟེ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་ [468A]༄༅། །གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པས་དེ་བཞིན་གཤེགས་པ་ ལ་མཆོད་པའི་ཕྱིར་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འྦྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་ འབུལ་ལམ། མེ་ཏོག་འབུལ་ལམ། བདུག་སྤོས་འབུལ་ལམ། ཕྲེང་བ་འབུལ་ལམ། རོལ་མོའི་སིལ་སྙན་འབུལ་ལམ། གདུགས་འབུལ་ལམ། དྲི་འབུལ་ལམ་དཔྱངས་པ་ འབུལ་ལམ། རྒྱལ་མཚན་འབུལ་ལམ། བ་དན་འབུལ་ལམ། དར་འབུལ་ལམ་མར་མེ་འབུལ་ཞིང། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་ ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ། །ཞེས་སྨྲ་བ་དེ་དག་ནི། སེངྒེ་རྣམ་པར་རྩེ་བ། བསྐལ་པར་རམ། བསྐལ་པ་བྲྒྱའམ། བསྐལ་པ་སྟོང་དུའམ། བསྐལ་ པ་འབུམ་དུའང་ངན་འགྲོར་ལོག་པར་ལྟུང་བར་འགྲོ་བར་འགྱུར་བ་དེའི་གནས་མེད་དེ། འདི་ལ་དོགས་པའམ། ཡིད་གཉིས་སམ། ཐེ་ཚོམ་ཟ་བར་མི་བྱའོ། །སེངྒེ་རྣམ་པར་རྩེ་ བ། མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་ཡོད་ཀྱི། སྐྱེ་བོ་མང་པོ་ལ་ཕན་པ་དང། སྐྱེ་བོ་མང་པོ་ལ་བདེ་བ་དང། འཇིག་རྟེན་ལ་སྙིང་བརྩེ་བ་དང། ལྷ་དང་མིའི་སྐྱེ་བོ་ཕལ་ [468B] ཕན་པ་དང། བདེ་བའི་ཕྱིར་དེ་བཤད་པར་བྱའོ། །སེངྒེ་རྣམ་པར་རྩེ་བ། གང་ལ་ལ་ཞིག་མེ་ཏོག་བརྩེགས་པའི་གཟུངས་འདི་འཛིན་ཏམ། འཆང་ངམ། ཀློག་གམ་ ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་པ་དེ་རྟག་ཏུ་ཚེ་རབས་དྲན་པར་འགྱུར་རོ་།དེ་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་ འགྱུར། དལ་བ་རྙེད་པར་འགྱུར། ནམ་དུ་ཡང་དཀོན་མཆོག་གསུམ་དང་མི་འབྲལ་བར་འགྱུར། །ནམ་དུ་ཡང་དེ་བཞིན་གཤེགས་པ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་སངས་ རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར་རོ། ། ནམ་དུ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་དུ་ཡང་རིགས་དམའ་བར་སྐྱེ་བར་མི་འགྱུར། སྤོབས་པ་སྣ་ཚོགས་ཟབ་མོ་ཕུན་སུམ་ཚོགས་པར་འགྱུར། ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་རོ། །ཏདྱ་ཐཱ། དྷ་ར་ཎི། དྷ་ར་ཎི། མུ་ནི་པྲ་བྷ་སྭ་རེ། སིདྡྷེ། ཙཎྜེ་ནཱ་མཙི་ ནི་རྷེ་རི། ཨ་རོ་ག་བ་ཏི། བུདྡྷ་མ་ཏི་དཧེ་རྱེ། ཨོཾ་ཀ་ར་ཏེ། ག་ག་ར་ཏེ། རཱ་ཛ་བི་ཏེ། དེ་ཛོ་བི་ཏེ། བི་བུ་ལ་བུདྡྷི། དྷརྨ་ཨ་བ་བྷ་སེ། ཨཀྵ་ཡ་ཀལྤེ། ཀལྤ་བ་ཏི། ཨ་མྲྀ་ཀལྤེ་ཧཱུཾ་ཏཱ་ཤ་ནེ་ [469A]༄༅། །ཏེ་ཛོ་བ་ཏི། ནཻ་རྱ་སཾ་ཧི་ཏེ། ཏེ་ཛོ་གྲ་བ་ཏིཥྛཱི་ན་དྲ་ཡེ་ཏིཥྛི་ན་དྲ་ཡེ་བུདྡྷི་སཱཧཱ། སེངྒེ་རྣམ་པར་རྩེ་བ། གང་ལ་ལ་ཞིག་གིས་མེ་ཏོག་བརྩེགས་པའི་གཟུངས་འདིའི་ མིང་དང། ཡི་གེ་དང། ཚིག་མཐའ་དག་ཤེས་ཏེ་ཀུན་ཚུབ་པར་བྱེད་པ་དེས་དཔྱིད་ཟླ་ཐ་ཆུང་དང། དབྱར་ཟླ་ར་བ་དང། སྟོན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་བརྒྱད་ནས་བཟུང་ལ་ བཅོ་ལྔའི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ་ཉིན་ལན་གསུམ་མཚན་ལན་གསུམ་བསམ་ཞིང་དེ་བཞིན་གཤེགས་པ་རྩེ་གཅིག་ཏུ་ཡིད་ལ་བྱས་ལ་ བཅོམ་ལྡན་འདས་ལ་སྤོས་དང། མེ་ཏོག་དང། མར་མེ་དང། བདུག་སྤོས་ཀྱིས་མཆོད་ན། སངས་རྒྱས་བཅོམ་ལྡན་འདས་པདྨའི་སྙིང་པོའི་སེངྒེའི་ཁྲི་ལ་བཞུགས་ཤིང་ ཆོས་ཀྱང་སྟོན་པ་བཅོ་ལྔ་མཐོང་བར་འགྱུར་རོ། །གཟུངས་རབ་ཏུ་ཐོབ་པར་འགྱུར། དྲན་པ་དང་ལྡན་པར་འགྱུར། བློ་གྲོས་དང་ལྡན་པར་འགྱུར། རྟོགས་པ་དང་ལྡན་པར་ འགྱུར༑ བློ་དང་ལྡན་པར་འགྱུར། ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །ཐོས་པ་ཐམས་ཅད་དང། བསྟན་བཅོས་ཐམས་ཅད་དང། བཟོ་ ཐམས་ཅད་དང། ལས་ཐམས་ཅད་རབ་ཏུ་ཤེས་པར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེའི་སེམས་ལ་གནས་པར་འགྱུར་ཏེ། འཕགས་པའི་བདེན་པ་བཞི་ནི། མ་གཏོགས་ [469B] ༑དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི། ཟག་པ་མེད་པར་གཏོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་སེངྒེ་རྣམ་པར་རྩེ་དང། བྱང་ཆུབ་སེམས་དཔའ་དེ་དག་དང་དགེ་སློང་དེ་དག་དང། ལྷ་དང། མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་ འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།